ཞི་ཅིན་ཕིང་གི་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་གསུང་ཚིག
2019-03-22 14:57:44




   གཅིག མི་རྣམས་ཀྱིས་སྔོན་ཆད་ཡིན་ན་མིས་ཆ་འཕྲིན་བཙལ་དགོས་ལ་ད་ལྟ་ཡིན་ན་ཆ་འཕྲིན་གྱིས་མི་བཙལ་དགོས་པ་རེད་ཅེས་བཤད་པ་རེད། དེར་བརྟེན། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བ་དང་འཕྲིན་སྦྱོར་ཀུན་འདུས་འཛུགས་པ་ནི་ང་ཚོའི་མདུན་དུ་ལྷགས་པའི་ཁ་ཚ་དགོས་གཏུག་གི་བསྒྲུབ་གཞི་ཞིག་ཏུ་གྱུར་ཡོད།

   གཉིས། ང་ཚོས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ནི། གཙོ་རྒྱུན་གླེང་ཕྱོགས་སྟོབས་ཆེར་གཏོང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ལོ་བརྒྱ་ཉིས་ཀྱི་འབད་འཐབ་དམིགས་འབེན་འགྲུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་བསམ་པའི་སྟོབས་ཤུགས་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཆེན་པོ་འདོན་དགོས་པ་དེ་རེད།

   གསུམ། དྲ་བའི་བདེ་འཇགས་མེད་ན་རྒྱལ་ཁབ་ཀྱི་བདེ་འཇགས་མེད། འབྲེལ་དྲྭའི་འགག་ལས་བསྒྲལ་མ་ཐུབ་ན་སྲིད་འཛིན་ཡུན་རིང་པོའི་འགག་ལས་བསྒྲལ་ཐུབ་ཀྱི་མ་རེད། འཕྲིན་སྦྱོར་ཀུན་འདུས་འཕེལ་རྒྱས་རྒྱུན་ཆད་མེད་པ་བྱུང་བར་བརྒྱུད་དེ། ཀུན་གསལ་འཕྲིན་སྦྱོར་དང་ཀུན་མང་འཕྲིན་སྦྱོར།ཀུན་འབྲེལ་འཕྲིན་སྦྱོར། ཀུན་ནུས་འཕྲིན་སྦྱོར་བཅས་བྱུང་ཞིང་།ཆ་འཕྲིན་མེད་ས་གང་ཡང་མེད་ཅིང་། ཆ་འཕྲིན་གྱིས་མི་ནུས་པ་གང་ཡང་མེད་ལ། ཆ་འཕྲིན་མི་སྤྱོད་མཁན་སུ་ཡང་མེད་པས།  གླེང་ཕྱོགས་ཀྱི་ཁོར་ཡུག་དང་འཕྲིན་སྦྱོར་གྱི་རྣམ་པ། ཁྱབ་སྒྲོག་བྱེད་སྟངས་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། གསར་འགྱུར་གླེང་ཕྱོགས་ལས་དོན་ལ་འགྲན་སློང་གསར་པ་ཐུག་པ་རེད།

   བཞི། དྲིལ་བསྒྲགས་བསམ་བློ་ལས་དོན་གྱི་འཕེལ་ཕྱོགས་ཆེན་པོ་ལ་གཏོང་འཛིན་བྱ་དགོས་ཤིང་། སྐབས་བསྟུན་ཇུས་འགོད་དང་དུས་བསྟུན་གཉེར་སྒྲུབ། དུས་མཉམ་ལས་སྒྲུབ་བཅས་བྱ་ཐུབ་དགོས། ང་ཚོས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། གཙོ་རྒྱུན་འཕྲིན་སྦྱོར་གྱི་ཁྱབ་སྒྲོག་བྱེད་ཤུགས་དང་སྣེ་ཁྲིད་བྱེད་ཤུགས།ཤུགས་རྐྱེན་ཐེབས་ཤུགས།  ཀུན་གྱིས་ཡིད་ཆེས་བྱེད་ཤུགས་བཅས་ཆེ་རུ་གཏོང་ཞིང་། དྲྭ་ཐོག་དང་དྲྭ་འོག་བློ་སེམས་གཅིག་མཐུན་ཆགས་པར་བྱས་ཏེ། ཕུགས་འདུན་དད་སེམས་དང་རིན་ཐང་འདུ་ཤེས། ཀུན་སྤྱོད་ལྟ་བ་བཅས་ཀྱི་ཐད་མི་དམངས་ཡོངས་རྫོགས་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་ཅིང་། དྲང་ཕྱོགས་ཀྱི་ནུས་པ་དེ་བས་ཤུགས་ཆེན་ཡོང་བ་དང་དབྱངས་རྟ་གཙོ་བོ་དེ་བས་ཆེ་རུ་ཡོང་བར་བྱ་དགོས།

   ལྔ། སྲོལ་རྒྱུན་འཕྲིན་སྦྱོར་དང་གསར་དར་འཕྲིན་སྦྱོར་བར་ནི་གཅིག་ཚབ་གཅིག་གིས་བྱེད་པའི་འབྲེལ་བ་མིན་གྱི། རིམ་འཇུག་གི་འབྲེལ་བ་ཡིན། གང་ཞིག་གཙོ་བོ་དང་གང་ཞིག་ཕལ་པའི་འབྲེལ་བ་མིན་གྱི་གཅིག་དར་གཅིག་འཕེལ་གྱི་འབྲེལ་བ་ཡིན། གང་ཞིག་སྟོབས་ཆེ་བ་དང་གང་ཞིག་ནུས་ཞན་གྱི་འབྲེལ་བ་མིན་གྱི་ལེགས་ཆ་གསབ་རེས་ཀྱི་འབྲེལ་བ་ཡིན་ནོ།།

   དྲུག མི་གང་དུ་ཡོད་ན་དྲིལ་བསྒྲགས་བསམ་བློ་ལས་དོན་གྱི་གཙོ་གནད་དེར་ཡོད་པ་རེད། དྲ་བའི་བར་ཁོངས་ནི་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་བར་ཁོངས་གསར་པ་ཞིག་ཆགས་ཟིན་པར་བརྟེན། རང་རེའི་ཏང་གིས་ཐུན་མོང་ངོས་འཛིན་གཅིག་འདུ་བྱེད་སའི་བར་ཁོངས་གསར་པ་ཡང་ཆགས་འོས་པ་རེད།

   བདུན། གོ་ལ་ཧྲིལ་པོའི་ངོས་ནས་བལྟས་ན། འཕྲིན་སྦྱོར་རིག་ནུས་ཅན་འཕེལ་རྒྱས་མྱུར་བའི་དུས་རིམ་དུ་བསླེབས་ཟིན།  ང་ཚོས་དགོས་གཏུག་གི་བསམ་པ་དང་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་བཏང་སྟེ། གནད་འགག་སྲོག་ཤིང་གི་ལག་རྩལ་རང་བདག་གསར་སྐྲུན་བྱས་ནས་འགག་གནད་ལས་རྒྱུན་ཆད་མེད་པར་སྒྲོལ་བ་དང་། གསར་འགྱུར་སྡུད་ལེན་དང་ཐོན་སྐྱེད།  བགོ་འགྲེམ། ཚུར་ལེན། ཕྱིར་ལྡོག་བཅས་ཀྱི་ཁྲོད་དུ་མི་བཟོ་རིག་ནུས་བེད་སྤྱོད་གཏོང་བར་འཚོལ་ཞིབ་བྱས་ཏེ། གཙོ་རྒྱུན་རིན་ཐང་ཁྲིད་ཕྱོགས་ཀྱིས་རྩིས་ཐབས་ལ་ཁ་ལོ་བསྒྱུར་ཞིང་གླེང་ཕྱོགས་སྣེ་ཁྲིད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས།

   བརྒྱད། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྲོལ་རྒྱུན་འཕྲིན་སྦྱོར་དང་གསར་དར་འཕྲིན་སྦྱོར་བར་དང་། ཀྲུང་དབྱང་འཕྲིན་སྦྱོར་དང་ས་གནས་འཕྲིན་སྦྱོར། གཙོ་རྒྱུན་འཕྲིན་སྦྱོར་དང་ཚོང་ལས་ལས་སྟེགས། མང་ཚོགས་ཅན་གྱི་འཕྲིན་སྦྱོར་དང་ཆེད་ལས་རང་བཞིན་གྱི་འཕྲིན་སྦྱོར་བཅས་ཀྱི་འབྲེལ་བར་གཅིག་གྱུར་འཆར་འགོད་བྱས་ཏེ་ཐག་གཅོད་ཡག་པོ་བྱ་དགོས་པ་ལས། བརྒྱ་ཁ་གཅིག་གཅོད་དང་ཐམས་ཅད་འདྲ་མཚུངས་བྱ་རྒྱུ་མེད། ཐོན་ཁུངས་ཞིབ་བསྡུས་དང་སྒྲིག་གཞི་ལུགས་མཐུན། འཕེལ་རྒྱས་གཏོང་ལུགས་ཁྱད་པར་ཡོད་པ། མཉམ་ལས་ཆོད་ཆེ་བཅས་ཀྱི་འཕྲིན་སྦྱོར་ཀུན་འདུས་ཀྱི་ཁྱབ་སྒྲོག་མ་ལག་ཅིག་ཆགས་པར་བྱ་དགོས།

   དགུ། སྒྲིག་ལམ་མེད་ན་ཕན་གྱི་མ་རེད། རྣམ་པ་ཅི་འདྲའི་འཕྲིན་སྦྱོར་ཡིན་ནའང་འདྲ། དྲྭ་ཐོག་དང་དྲྭ་འོག་གང་དུ་གནས་ནའང་འདྲ། ཤེལ་ངོས་ཆེ་ཆུང་གང་ཡིན་ནའང་འདྲ་སྟེ། ཁྲིམས་ལས་འདའ་བའི་ས་དང་གླེང་ཕྱོགས་ཁོངས་བརྒལ་གྱི་ས་ཤིག་གང་ཡང་མེད་པ་རེད། གཙོ་གཉེར་སྡེ་ཁག་གིས་ལྟ་གཉེར་འགན་འཁྲི་ལག་བསྟར་ཡག་པོ་བྱ་དགོས་ཤིང་། གསར་དར་འཕྲིན་སྦྱོར་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་རེའི་དྲ་བའི་བར་ཁོངས་དེ་བས་དྭངས་གཙང་ཡོང་བར་བྱ་དགོས།

   བཅུ། དྲང་ཕྱོགས་ཀྱི་ནུས་པ་ནི་སྤྱིའི་བླང་བྱ་ཡིན་ཞིང་། བདག་གཉེར་བྱེད་ཐུབ་པ་ནི་དོན་དམ་པ་ཡིན་པ་ངས་ཐེངས་མང་བཤད་མྱོང་། ད་ལྟ་དེའི་ཐོག་བེད་སྤྱོད་མཁས་པ་ནི་འཇོན་ཐང་ངོ་མ་ཡིན་ཞེས་པ་དེ་བསྣན་རྒྱུ་ཡིན། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བ་ནི་གསར་འགྱུར་ལས་ཁུངས་རྐྱང་རྐྱང་གི་དོན་མ་རེད། ང་ཚོས་ཤེས་རྟོགས་བྱུང་བའི་སྤྱི་ཚོགས་བསམ་བློ་རིག་གནས་དང་སྤྱི་པའི་ཐོན་ཁུངས།སྤྱི་ཚོགས་བཅོས་སྐྱོང་གི་དན་གྲངས་ཆེན་པོ། སྲིད་ཇུས་བཟོས་དབང་ཡོད་པའི་ལམ་ལུགས་ལེགས་ཆ་བཅས་གཙོ་རྒྱུན་བསམ་བློ་གླེང་ཕྱོགས་སྲ་བརྟན་དང་ཆེ་རུ་གཏོང་བའི་ཕྱོགས་འདུས་ལེགས་ཆ་རུ་བསྒྱུར་དགོས།

   བཅུ་གཅིག རྩེ་རིམ་ཇུས་འགོད་ཡག་པོ་བྱ་རྒྱུ་དམ་འཛིན་བྱེད་ཅིང་། ཁྱབ་སྒྲོག་སྟེགས་བུ་གསར་པ་བསྐྲུན་པ་དང་། གཙོ་རྒྱུན་འཕྲིན་སྦྱོར་གསར་པ་བཟོ་ཞིང་། གཙོ་རྒྱུན་རིན་ཐང་གི་ཤུགས་རྐྱེན་ཐེབས་ཁོངས་རྒྱ་སྐྱེད་བཏང་སྟེ། ཏང་གི་སྐད་ཆ་སྔར་བས་རྒྱ་ཁྱབ་དང་གདིང་ཟབ་བསྒྲག་ཐུབ་པར་བྱ་དགོས།

   བཅུ་གཉིས། དྲ་བ་ནི་གྲི་ངོས་གཉིས་མ་ཞིག་ཡིན་ལ། པར་རིས་ཤིག་དང་གཟུགས་ལམ་ཞིག་འཕྲིན་སྦྱོར་ཀུན་འདུས་ཀྱི་ལམ་ནས་ཆུ་ཚོད་ཁ་ཤས་བརྒྱུད་རྗེས་ཁྱབ་སྒྲོག་ཧོབ་བརྡོལ་བྱུང་ནས་གླེང་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་བཟོས་པ་རེད། ཤུགས་རྐྱེན་འདི་རིགས་བེད་སྤྱོད་ཡག་པོ་བཏང་ཐུབ་ན་རྒྱལ་ཁབ་དང་མི་དམངས་ལ་ཕན་བདེ་བསྐྲུན་ཐུབ་ཅིང་། བེད་སྤྱོད་ཡག་པོ་གཏང་མ་ཐུབ་ན་གནོད་འཚེ་ཚོད་དཔག་མི་ཐུབ་པ་བཟོ་སྲིད་པ་རེད།

   བཅུ་གསུམ། ཡང་དག་པ་དང་དབང་གྲགས་ཡོད་པའི་ཆ་འཕྲིན་དུས་ཐོག་ཁྱབ་སྒྲོག་མ་བྱས་ན། རྫུན་མ་དང་བསྙོན་ཏོལ་ཆ་འཕྲིན་གྱིས་མི་སེམས་དཀྲུག་ཡོང་བ་རེད། སེམས་རྩ་འཁོལ་པོ་དང་བདེན་པའི་བསམ་བློ་གླེང་ཕྱོགས་སྟོབས་ཆེར་སོང་མེད་ཚེ། ཕན་ནུས་མེད་པ་དང་ནོར་འཁྲུལ་གྱི་བཤད་ཡམ་དང་ལྟ་བ་གང་སར་ཁྱབ་ཡོང་བ་རེད། དོན་གྱི་དབང་འདིའི་ཕྱོགས་ནས་གཙོ་རྒྱུན་འཕྲིན་སྦྱོར་ཁག་ལ་གླེང་ཕྱོགས་བརྟན་སྲུང་བྱ་རྒྱུའི་འགན་འཁྲི་ཡོད་ཅིང་། གླེང་ཕྱོགས་ལེགས་སྲུང་གི་འགན་འཁྲི་དེ་བས་ཡོད་དགོས། ཡང་དག་པ་དང་དངོས་ཡོད་གནས་ཚུལ་དང་མཐུན་པ།ལྟ་བ་གསལ་སྟོན་གྱི་ཆ་འཕྲིན་ནང་དོན་དེ་བས་མང་པོ་དུས་ཐོག་མཁོ་འདོན་བྱས་ཏེ། གླེང་ཕྱོགས་ཀྱི་རང་བདག་དབང་ཆ་དང་གཙོ་ཁྲིད་དབང་ཆ་དམ་པོར་བཟུང་དགོས། གཙོ་རྒྱུན་འཕྲིན་སྦྱོར་ཁག་གིས་སྣེ་ཁྲིད་བྱེད་ཕོད་པ་དང་གསེད་བཀྲོལ་བྱེད་མཁས་པོ་བྱ་དགོས། རྩ་དོན་ལ་ཐུག་པའི་གནད་དོན་ལ་ལྟ་བ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་བྱ་དགོས་པ་ལས། སླ་བཅོས་གཏན་ནས་བྱེད་མི་རུང་།

   བཅུ་བཞི། ད་ལྟ་རྒྱལ་སྤྱིའི་ཐོག་ཀྲུང་གོའི་མི་ལ་རིགས་པ་དང་དངོས་ཡོད་དང་མཐུན་པས་ལྟ་མཁན་ཇེ་མང་ནས་ཇེ་མང་ཡིན་ལ། ཀྲུང་གོར་བསྔགས་རྡེབ་བྱེད་མཁན་ཡང་ཇེ་མང་འགྲོ་བཞིན་ཡོད། ང་ཚོ་འགྲོ་ས་ནི་བདེན་པའི་ལམ་ཡིན་ཞིང་ང་ཚོའི་འཇིག་རྟེན་སྐྱོང་ལུགས་ནི་ཡང་དག་པ་ཡིན། དེ་ནི་གཙོ་རྒྱུན་འཕྲིན་སྦྱོར་གྱི་ལོ་རྒྱུས་གོ་སྐབས་ཡིན་པས། ངེས་པར་དུ་གདིང་ཤུགས་ཆེ་རུ་གཏོང་ཞིང་ངར་ཤུགས་བསྒྲིམས་ནས། ཀྲུང་གོའི་གཏམ་རྒྱུད་བཤད་པར་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། རང་རྒྱལ་གྱི་ཕྱོགས་འདུས་སྟོབས་ཤུགས་དང་འཚམ་པའི་རྒྱལ་སྤྱིའི་སྐད་ཆ་བཤད་དབང་ཡོད་པར་བྱ་དགོས།

   བཅོ་ལྔ། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བ་ནི་བྱེད་ཐབས་ཆེན་པོ་ཞིག་ཡིན། གོ་ལ་ཧྲིལ་པོའི་དྲ་བ་གཅིག་གི་མདུན་དུ་རྒྱལ་ཡོངས་ཀྱིས་མིག་མངས་འགྲིག་སྐོར་གཅིག་རྩེ་དགོས་པ་རེད།

   བཅུ་དྲུག མི་དམངས་ཉིན་རེའི་ཚགས་པར་ནི་ཏང་ཀྲུང་དབྱང་གི་ལས་ཁུངས་ཚགས་པར་ཡིན། ཚགས་པར་ཞིག་གིས་གོང་དུ་ཏང་སེམས་སྦྲེལ་ཞིང་འོག་ལ་དམངས་སེམས་མཐུད་ཡོད། མི་དམངས་ཉིན་རེའི་ཚགས་པར་སྔར་བས་ཡག་པོ་འཛུགས་དགོས། ས་ཁོངས་ཀྱི་ཁྱབ་རྒྱ་དང་མང་ཚོགས་ཀྱི་ཁེབས་རྒྱ། ནང་དོན་གྱི་ཤོང་རྒྱ་བཅས་རྒྱ་སྐྱེད་གཏོང་བ་དང་། གླེང་ཕྱོགས་ཐད་ཀྱི་ཁྲིད་སྟོན་ནུས་པ་དང་དར་ཆའི་ནུས་པ། སྣེ་ཁྲིད་ཀྱི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱ་དགོས།