ནོར་བུ་དང་ར་ནག་བར་གྱི་གཏམ་རྒྱུད།
2018-08-29 15:38:29

    

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་ཚང་རྒྱབ་གྲོང་ཚོ་ནས་སྐྱེས་པའི་ནོར་བུས་ཆུང་དུས་ནས་དཀའ་སྡུག་གང་མང་མྱང་ཡོད་དེ།ཨ་ཕའི་གཡས་ཞབས་ལ་ལྷན་སྐྱེས་ཀྱི་བེམ་སྦྲིད་ནད་ཕོག་པས།འགྲོ་འོང་སྟབས་མི་བདེ་བ་དང་།ཁྱིམ་གྱི་ཞིང་ལས་ཡོངས་ཨ་མ་ཁོ་ནར་བརྟེན་དགོས་པ་རེད།ནོར་བུ་ཆུང་དུས་ནས་བཟུང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ཁྱིམ་གྱི་ཞིང་ལས་ཕྲག་ཏུ་འཁུར་བ་རེད།

ལོ་གང་མང་རིང་།དབུལ་ཐར་ཕྱིན་འདོད་པའི་ནོར་བུས་ཚོང་སྣ་ཚོགས་རྒྱབ་པ་དང་།ཁོང་གིས་སྲན་དཀར་དང་སྨན་རྩྭ་ཉོས་ནས་ཁུན་མིང་སོགས་ས་ཁུལ་དུ་བཙོང་ལ།ཁྲོམ་རའི་དཔལ་འབྱོར་གྱི་རླབས་རྒྱུན་ཆེན་མོའི་ཁྲོད་ཉ་མོ་ཆུ་ནང་འཇུག་པ་ལྟར་ཉམས་མྱོང་ཕུན་སུམ་ཚོགས་པོ་ཕྱོགས་བསྡོམས་བྱས་ཏེ་རང་ཉིད་དབུལ་ཕོངས་ཀྱི་ཁྱིམ་ཚང་ལས་རིམ་བཞིན་ཕྱུག་པོར་གྱུར་པ་མ་ཟད།སྒོར་རྡོག་མི་ཉུང་བ་ཞིག་ཀྱང་གསོག་ཉར་ཐུབ་སོང་།

    ནོར་བུའི་མི་ཚེ་ལ་གསོན་ཤུགས་རྣམ་པར་རྒྱས་པ་དང་།རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཡིད་སྨོན་ཆེན་པོ་མཆིས་དུས་སུ།2011ལོར་གློ་བུར་དུ་བྱུང་བའི་རླངས་འཁོར་དོན་རྐྱེན་གྱིས་ཁོ་རང་དཀའ་སྡུག་གང་མང་ལ་གཏད་བྱུང་།ཁོང་ཉིད་དོན་རྐྱེན་ཁྲོད་རྐང་པ་གཡས་པ་ཤོར་བས།དབང་པོ་སྐྱོན་ཅན་དུ་གྱུར།

    ནོར་བུའི་འཚོ་བའི་དད་སེམས་བསྐྱར་སྐྲུན་བྱེད་ཆེད།ནང་མི་དང་གྲོགས་པོ་རྣམས་ཀྱིས་ཐབས་ཤེས་ཡོད་ཚད་བཏོན་ཏེ་ནོར་བུ་ལ་སེམས་གསོ་དང་སྐུལ་མ་བྱས་པར།ཁོང་གིས་འཚོ་བར་ཡང་བསྐྱར་ཡིད་ཆེས་བཅངས་སོང་།ནོར་བུས་ཁུལ་ཕྱི་ནང་གི་ས་ཆ་གང་མང་ལ་སོང་ནས་ནན་ཏན་གྱིས་ལས་གཏོད་ལ་འཚམ་པའི་རྣམ་གྲངས་དབྱེ་ཞིབ་བྱས།བཅར་འདྲི་དང་དབྱེ་ཞིབ་བྱས་པ་བརྒྱུད།ཚང་རྒྱབ་གྲོང་སྡེའི་ས་ཁམས་དང་གནམ་གཤིས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ནས།ནོར་བུས་ར་ནག་གསོས་ན་མ་འཇོག་གི་ཉེན་ཁ་ཆུང་བ་དང་།དུས་ཡུན་ཐུང་བ།ཕན་འབྲས་མངོན་གསལ་ཡིན་པ་སོགས་ཀྱི་དགེ་མཚན་ལྡན་པ་མ་ཟད།ལྷག་པར་དུ་ཞིང་གྲོང་གི་དབང་པོ་སྐྱོན་ཅན་གྱིས་ལས་གཏོད་བྱེད་ན་འཚམ་པའི་ཐབས་ལམ་ཡིན་པ་ཚོར་བྱུང་།      

    དང་ཐོག་ལས་གཏོད་ཀྱི་ལོ་ཁ་ཤས་ནང་།ཁོང་གི་ར་ནག་གསོ་སྤེལ་གཞི་ཁྱོན་མགྱོགས་མྱུར་ངང450ལ་ཐོན་པ་དང་།ཁོང་ལའང་ཡོང་འབབ་མི་ཉུང་བ་ཞིག་ཐོབ་པ་རེད།རང་ཉིད་དབུལ་ཐར་ཕྱུག་འགྱུར་བྱུང་བའི་ནོར་བུས་དབང་པོ་སྐྱོན་ཅན་གཞན་ཡང་བརྗེད་མེད་དེ།གྲོང་ཚོའི་ནང་གི་དབང་པོ་སྐྱོན་ཅན་རྣམས་ལོ་དང་པོ་ནས་ནོར་བུས་སྣེ་ཁྲིད་འོག་ལས་གཏོད་ཀྱི་འབྲས་བུ་ལ་མྱང་བ་རེད།

2013ལོར་གསོ་སྤེལ་གཞི་ཁྱོན་སྔར་ལས་རྒྱ་ཆེར་གཏོང་ཆེད།ཁོང་གིས་སྣེ་ཁྲིད་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དབང་པོ་སྐྱོན་ཅན་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་ནས།རྟེན་གཞི་དང་དབང་པོ་སྐྱོན་ཅན།ཁྲོམ་ར་བཅས་མཉམ་ལས་ཀྱི་རྣམ་པ་གསར་པའི་གསོ་སྤེལ་ལག་བསྟར་བྱས་པ་རེད།ཁོང་གིས་དབང་པོ་སྐྱོན་ཅན་སྣེ་ཁྲིད་ནས་ལས་གཏོད་བྱས་པའི་ལོ་འགའི་རིང་།ཁུལ་དང་གྲོང་ཁྱེར་གྱི་དབང་སྐྱོན་ལྷན་ཚོགས་ཐེངས་གང་མང་ཡུལ་དངོས་སུ་ཞིབ་འཇུག་རྟག་དཔྱད་དུ་ཕེངས་པ་དང་།དབང་པོ་སྐྱོན་ཅན་གྱིས་གསོ་སྤེལ་གྱི་རྩལ་ནུས་གསོ་སྦྱོང་ལག་ལེན་བསྟར་བ་དང་།ཐོན་ལས་རོགས་སྐྱོར་དང་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་སོགས་ལ་མ་དངུལ་གྱི་རོགས་སྐྱོར་བྱེད་སྟངས་བརྒྱུད་ནས།སྔ་རྗེས་སུ་མཉམ་ལས་ཁང་གི་འཕེལ་རྒྱས་མ་དངུལ་སྒོར་ཁྲི70ཉེ་བ་ཐག་གཅོད་བྱས་ཏེ།གོམ་གང་མདུན་སྤོས་ཀྱིས་མཉམ་ལས་ཁང་གི་འཕེལ་རྒྱས་དང་དབང་པོ་སྐྱོན་ཅན་གྱིས་གསོ་སྤེལ་བྱས་པའི་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་སོང་བ་རེད།

    མཉམ་ལས་ཁང་འདི་ཉིད་ལ་སྔ་རྗེས་སུ་ཁུལ་དང་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་ཐོན་ལས་རོགས་སྐྱོར་དཔེ་སྟོན་རྟེན་གཞི་ཡི་མཚན་སྙན་བསྩལ་བ་མ་ཟད།ནོར་བུ་རང་ཉིད་ལའང་ཐེངས་གང་མང་དུ་ཁུལ་དང་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་སྔོན་ཐོན་མི་སྣའི་མཚན་སྙན་བསྩལ་བ་རེད།མིག་སྔར།མཉམ་ལས་ཁང་འདི་ཉིད་ཞིང་ཆེན་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་ཞིང་ཆེན་རིམ་པའི་དབང་པོ་སྐྱོན་ཅན་རོགས་སྐྱོར་དཔེ་སྟོན་རྟེན་གཞི་རུ་གཏན་འཁེལ་བྱས་པ་རེད།

    ལོ་ཁ་ཤས་རིང་འབད་བརྩོན་བྱས་པ་བརྒྱུད།ནོར་བུའི་ར་ནག་གསོ་སྤེལ་རྟེན་གཞིའི་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་སྐྱེད་བྱས་པ་དང་།ཆེས་ཐོག་མའི་ར་ནག་450དེ་ད་ལྟ་2500ལྷག་ཏུ་འཕར་ཡོད།ལོ་རེར་ར་ནག་བཤས་པའི་གྲངས་ཀ་ནི་500ཐོན་ཡོད།ད་ལོར་ནོར་བུས་ས་དམ་བཤས་ར་ག་གེ་མོ་དང་ལོ་རེར་ར་ནག་500བཙོང་བའི་གན་རྒྱ་བཞག་པ་རེད།མིག་སྔའི་བར་དུ།མཉམ་ལས་ཁང་གིས་སྒོར་ཁྲི500ལྷག་མ་འཇོག་གཏོང་བ་དང་།ལེགས་བཅོས་བྱས་པའི་རྩྭ་ར་མུའུ་3000ཡོལ།གསར་དུ་སྐྲུན་པའི་གཟན་ཆས་རྩྭ་ས་མུའུ་900ཡོད་པ་རེད།མཉམ་ལས་ཁང་གི་གཞི་ཁྱོན་དེ་དེ་སྔའི་ཁྱིམ་ཚང་8ནས་ད་ལྟ་གྲོང་ཚོའི་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང28དུ་འཕར་ཡོད་པ་མ་ཟད།གསོ་སྤེལ་ར་བ་དེ་དེ་སྔའི་ར་བ་གཅིག་ནས་ད་ལྟ་ར་བ་ལྔ་རུ་འཕར་ཡོད།མཉམ་ལས་ཁང་གི་ཁྱིམ་ཚང་རེ་ལ་ལོ་རེར་ཆ་སྙོམས་སྒོར་ཁྲི3ལྷག་གི་ཡོང་འབབ་ཡོད་པ་རེད།ད་ལོར་མཉམ་ལས་ཁང་གིས་ད་དུང་སྐྱེ་ལྡན་ལས་སྣོན་བཟོ་གྲྭ་གསར་དུ་བསྣན་ནས།ཉེ་འཁོར་གྱི་ཀྲུང་ལུགས་སྨན་རྩྭའི་རྟེན་གཞིར་ལུད་མཁོ་འདོན་བྱས་པ་རེད།

    ནོར་བུས་ཁོང་གི་ཕུགས་འདུན་ནི་ཁོང་དང་འདྲ་བའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཡོངས་ལ་བདེ་སྐྱིད་ཀྱི་བྱིས་དུས་ཞིག་ཡོད་པ་དང་།ལོ་ན་བགྲེས་པའི་རྒན་རྒོན་ཚོས་བདེ་སྐྱིད་ཀྱི་ཚེ་མཇུག་འཚོ་བ་རོལ་ཐུབ་རྒྱུ་དེ་ཡིན་ཞེས་བཤད་པ་རེད།


打开APP阅读全文
相关新闻
×
前往APP查看全文,体验更佳!
取消